Wednesday, 13 March 2013

collection of HH NN rinpoche



(ཏེ་ཝན་ཁུལ་གྱི་གནས་ཚུལ།)
  ཀྱཻ་མ། ལས་ངན་སྐྱེ་བོ་བདག་ནི་མཐའ་ཁོབ་ཡུལ། ། ཏེ་ཝན་ཅེས་བྱའི་གནས་སུ་ལྷགས་པ་ན། །
ཕྱི་ནང་གང་དུ་བལྟས་ཀྱང་ཞེན་ལོག་པས། ། ཡིད་དགའི་སྣང་བ་ཅུང་ཟད་ཅང་མ་མཆིས།།
མི་རྣམས་ཕལ་ཆེར་མཛེས་སྡུག་ལྷར་སྣང་ཡང་། ། དོན་ལ་རྒྱུ་ནོར་འདོད་རྔམ་ཆེ་བ་ཡིས།།
ཡུད་ཙམ་བདེ་བའི་ངལ་བསོ་མེད་པ་རུ། ། རྟག་ཏུ་བྲེལ་ཚུབས་ཁོ་ནས་འདའ་བར་མངོན།།

    ངལ་བས་བསགས་པའི་དངོས་པོ་མཐའ་དག་ཀྱང་། ། དགེ་ཕྱོགས་གཏོང་ལ་ཤིན་ཏུ་སེར་སྣ་དང་།།
དོན་མེད་ལོག་སྒྲུབ་ཕྱོགས་སུ་གཏོང་དགོས་ན། ། ཅི་ལའང་ཡ་མི་ང་བའི་སྦྱོར་ལྡན་སྣང་།།
 སྤྱིར་བཏང་འདུས་བྱས་ཆོས་རྣམས་མི་རྟག་སྟེ། ། དེས་ཀྱང་འདི་ཁུལ་མི་རྣམས་མི་བརྟན་པ།།
             ཤས་ཆེ་ད་ལྟ་ཁས་ལེན་ད་ལྟ་འགྱུར། ། སྣང་བ་གང་ལའང་གཏད་སོ་མེད་པ་མཐོང་།།
     འདུལ་ཁྲིམས་ཕམ་ལྷག་གནས་ལ་བག་ཡོད་ཀྱིས། ། དམ་པ་བཞག་ཅིང་བཙུན་པའི་དགེ་སློང་དང་།།
     གཞུང་ལུགས་དོན་ལ་མཁས་ཤིང་གྲུབ་བརྩོན་རྣམས། ། འདི་ཁུལ་མི་གྲལ་ཚུད་ལ་དཀའ་བར་སྣང་།།
             རང་ཡུལ་བུད་མེད་དང་འབྲེལ་བུ་ཕྲུག་གི། ། ཕ་རྒན་གྱུར་ཀྱང་གནས་འདིར་སླེབ་ཙ་ན།།
   བཙུན་པ་ལྟར་བཅོས་ཆོས་གོས་ཀྱིས་ཀླུབས་ཏེ། ། འཛེམ་མེད་དཀོར་ལ་སྲེད་བཞིན་བྱོན་པ་མང་།།
       ས་ཐོབ་སེམས་དཔའ་ཆོན་པོ་ཡིན་སྐད་དང་། ། རྫུ་འཕྲུལ་མངོན་ཤེས་ཞལ་གཟིགས་ལུང་བསྟན་སོགས།།
 ཡོད་ཅེས་རྫུན་སྨྲས་ཟོག་པོའི་རིགས་རྣམས་ལ། ། ཀུན་གྱིས་དད་ཅིང་དེ་ལ་འཁོར་སློབ་མངག།།
            པད་ཤ་ཁོ་ནའི་ཆེད་དུ་དམིགས་བྱས་ཏེ། ། བསྙེན་སྒྲུབ་མ་སོང་བསྐུར་བྱའི་དབང་དེ་ནི།།
            རང་གི་མ་ཐོབ་གཞན་ལ་འབོག་མཁན་ཡང་། ། གྲང་མེད་སྤང་ལ་ཤྭ་མོ་རྡོལ་ལྟར་མཆིས།།
            ཡོན་བདག་སྡུག་བསྔལ་གྱིས་གནོན་མཆི་མ་དཀྲུ། ། དེ་ལ་སྙིང་རྗེ་ལྟ་ཅི་ཆོས་པ་རྣམས།།
 ད་ནི་ཟ་སྒོ་ཐོབ་ཅེས་དགྱེས་སྤྲོའི་ངང་། ། བྱང་ཆོག་གནང་བར་ཕེབས་མཁན་ཧབ་ཐོབ་གདའ།།
   དེ་བཞིན་གྲོང་ཆོག་ཆོས་བཤད་དབང་བསྐུར་རྣམས། ། ཡོན་མཆོད་ཕན་ཚུན་ཚོང་དང་འདྲ་བ་ཡིས།།
ཁེ་དང་བསྟུན་ཏེ་བྱ་ཡིས་དད་འདུན་གྱིས། ། བསྙེན་བསྐུར་ཞུ་མཁན་ཤིན་ཏུ་དཀོནཔར་སྣང་།།
       ཕྱོགས་གཞན་བཞུགས་ཚེ་ཆེན་པོའི་གོ་སར་བསྒྱིངས། ། འདོན་ལར་མི་དགྱེས་ཚོགས་པར་མི་ཕེབས་མཁན།།
           དེ་དག་རྣམསཀྱང་གནས་འདིར་སླེབ་པ་ན། ། གྲོང་ཆོག་འབད་པས་འཚོལ་ཏེ་དགྱེ་བཞིན་བྱོན།།
           བླ་མ་དག་གི་ཧཱུང་ཕད་ལ་སོགས་ཀྱིས། ། རྨོངས་དད་ཅན་རྣམས་མགོ་བོ་བསྐོར་རོ་ཞེས།།
སྔོན་ཆད་གཞན་ལ་འཕྱར་ཁ་གཏོང་མཁན་རྣམས། ། ད་ལྟ་རང་གིས་བག་མེད་སྤྱོད་པར་མཐོང་།།
           དེ་ལྟར་ཟོག་པོས་ཟོག་པོར་བལྟ་བ་ན། ། ཡིད་སྐྱོ་འཕེལ་ཞིང་རང་ཅག་སེམས་ཅན་རྣམས།།
    བསོད་ནམས་ཟད་ཅིང་ཐུབ་བསྟན་ཆུ་ལྷའི་ཕྱོགས། ། གཤེགས་པའི་རྟགས་ལས་བཟང་རྟགས་ག་ལ་ཡིན།།
           ཡ་རབ་སྤྱོད་ཚུལ་མངའ་བའི་གྲོགས་པོ་རྣམས། ། འདི་ཁུལ་ཕེབས་ལ་སྤྲོ་བ་མ་མཛད་ཨང་།།
           འདི་ཕྱི་ཕུང་ལ་སྦྱོར་ངེས་བག་ཟོན་འཚལ། ། ལས་འབྲས་མི་བདེན་དགོངས་ན་ཅི་གར་མཛོད།།
ནམ་སྙིང་སྤྲུལ་མིང་འཛིན་པས་མ་དག་བློས། ། འདི་ཀོ་མཐོང་ཚུལ་ཕྱོགས་གཅིག་བརྗོད་པ་སྟེ།།
           ལ་ལར་ཕོག་རྣམས་བཟོད་པ་བཞེས་མཛད་གསོལ། ། ཨོམ་བཛྲ་ས་ཏྭ་ཧཱུང་།།     །།

No comments:

Post a Comment

 
;